Other

Other

སྤྱི་ལོ་ 2019 ལ་སྤེལ།
༢༠༢༣ ཟླ་༥ ༡༠

རྒྱལ་ཡོངས་དམིགས་ཚད་༧ པ། སོ་ནམ་དང་ནགས་ཚལ་གྱི་འོག་ལུ་ཡོད་པའི་ས་ཁོངས་ཚུ་རྩིས་ཏེ་ རྩྭ་ཐང་ཚུ་ ཡུན་བརྟན་འཛིན་སྐྱོང་གི་ལམ་ལུགས་ཚུ་ ངོས་ལེན་འབད་དེ་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་འབད་ནི་ལུ་ ངེས་གཏན་བཟོཝ་ཨིན།


ནགས་ཚལ་གྱི་ཁྲིམས་ལུགས་ནང་ རྒྱལ་ཁབ་ཀྱི་ནགས་ཚལ་གྱི་འོག་ལུ་ཡོད་པའི་ ས་ཁོངས་ཆ་མཉམ་ལུ་ ཡུན་བརྟན་འཛིན་སྐྱོང་གི་འཆར་གཞི་ཚུ་གིས་ ཐབས་བྱུས་དང་འཁྲིལ་ཏེ་ ལམ་སྟོན་འབད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས། ཨིན་རུང་ ད་ཚུན་གྱི་བར་ན་ ནགས་ཚལ་འཛིན་སྐྱོང་སྡེ་ཚན་དང་ ལས་བྱེད་འཆར་གཞི་ཚུ་གི་འོག་ལུ་ བརྒྱ་ཆ་༦.༤ དང་ མི་སྡེ་ནགས་ཚལ་གྱི་འོག་ལུ་ བརྒྱ་ཆ་༢.༢ རྐྱངམ་གཅིག་གིས་ ཐོན་སྐྱེད་འཛིན་སྐྱོང་གི་ འཆར་གཞི་ཚུ་ ལེགས་ཤོམ་སྦེ་ བཟོ་སྟེ་ཡོདཔ་ཨིན་པས། གྲོང་གསེབ་ལག་ལེན་གྱི་དོན་ལུ་ ཐོན་སྐྱེད་བགོ་བཀྲམ་འབད་ནི་འདི་ཡང་ ཉམས་སྲུང་འབད་ཡོད་པའི་ས་ཁོངས་ནང་ལུ་ འབད་དོ་ཡོདཔ་ཨིན་རུང་ འཛིན་སྐྱོང་གི་འཆར་གཞི་ཚུ་ ཉམས་སྲུང་ལྟེ་བ་ཅིག་ཨིནམ་ལས་ ཐོན་སྐྱེད་འཛིན་སྐྱོང་གི་ཐབས་བྱུས་ཚུ་ མེདཔ་ཨིན་མས། སྤྱིར་བཏང་ལུ་ ཡུན་བརྟན་འཛིན་སྐྱོང་གི་འཆར་གཞི་མེད་མི་ལུ་བརྟེན་ ནགས་ཚལ་གྱི་ཐོན་སྐྱེད་ཚུ་ མང་དྲགས་སྦེ་ བཏོན་མི་དང་ ས་ཆ་ལག་ལེན་འཐབ་མི་ བསྒྱུར་བཅོས་འབད་མི་ དེ་ལས་ རྩྭ་ཟ་མི་ཚུ་ མང་དྲགས་སྦེ་ འཚོ་སྐྱོང་འབད་མི་ཚུ་ལས་བརྟེན་ཏེ་ ས་ཁོངས་ཚུ་ ཉམས་རྒུད་འགྱོ་ནི་གི་ ཉེན་ཁ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། དེ་འབདཝ་ལས་ འཛིན་སྐྱོང་མ་འབད་བའི་ ནགས་ཚལ་གྱི་ས་ཁོངས་ཚུ་ ཡུན་བརྟན་འཛིན་སྐྱོང་གི་ ལམ་ལུགས་ནང་ ཡར་རྒྱས་འགྱོ་བའི་བསྒང་ལས་ བཙུགས་ནི་འདི་ ད་ལྟོ་ཡང་ གདོང་ལེན་གཙོ་བོ་ཅིག་ཨིན་མས། སོ་ནམ་གྱི་ཐད་ཁར་ ས་ཆ་ཉམས་རྒུད་འགྱོ་མི་ལུ་ གདོང་ལེན་འབད་ནིའི་དོན་ལུ་ རྒྱལ་ཡོངས་ལག་ལེན་འཆར་གཞི་གིས་ དམིགས་གཏད་འདི་གི་འོག་ལུ་ མཐུན་སྒྲིག་འབད་དེ་ཡོད་མི་ འོས་འབབ་ཅན་གྱི་འཛིན་སྐྱོང་གི་ཐབས་ལམ་ཚུ་བརྒྱུད་དེ་ ཡུན་བརྟན་མེད་པའི་ སོ་ནམ་གྱི་ལམ་ལུགས་ཚུ་ བསལ་ཚུགསཔ་ཨིན། དེ་འབདཝ་ལས་ དམིགས་གཏད་འདི་ཡང་ ནགས་ཚལ་དང་སོ་ནམ་གྱི་འོག་ལུ་ཡོད་པའི་ ས་ཁོངས་ཚུ་ནང་ སྐྱེ་ལྡན་རིགས་སྣ་ཚུ་ ཉམས་སྲུང་དང་ ཡུན་བརྟན་ལག་ལེན་འཐབ་ཚུགས་པའི་ འཛིན་སྐྱོང་གི་ལམ་ལུགས་ཚུ་ སྒྲིང་སྒྲིང་བཟོ་ནི་ལུ་ གཙོ་བོར་བསྟེན་དགོཔ་ཨིན་པས།