News
༄༅།། རྒྱལ་ཡོངས་སྣ་མང་ལྟེ་གནས་ (NBC) ལུ།
རྒྱལ་སྤྱིའི་སྐྱེ་ལྡན་རིགས་སྣ་གི་ ཉིན མ་བརྩི་སྲུང་འབད་ནི་གི་དོན་ལས་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣ་ལྟེ་བའི་ནང་ལུ་ འབྲུག་གི་སྐྱེ་ལྡན་རིགས་སྣ་ཚུ་གི་དོན་ལུ་ ལྟེ་བ་ཅིག་ཨིན་མི་ སྐྱེ་ལྡན་རིགས་སྣ་དོན་འགྲེལ་ལྟེ་བ་འདི་ འགོ་འབྱེད་འབད་ཡོདཔ་ཨིན ། ལྟེ་བ་དེ་གིས་ རང་བཞིན་གནས་སྟངས་ལུ་ བརྩེ་བ་བསྐྱེད་བཅུག་ནི་དང་ ཕན་ཚུན་འབྲེལ་བའི་ ལྷབ་སྦྱང་གི་ གྲོས་འཛོམས་ཅིག་ བྱིན་ནི་དང་ འབྲུག་གི་ ཕྱུགཔོ་ཡོད་པའི་ སྐྱེ་ལྡན་རིགས་སྣའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི་དང་ སྤྱིར་བཏང་མི་མང་ལུ་ སྐྱེ་ལྡན་རིགས་སྣ་ལུ་ བརྩི་མཐོང་བསྐྱེད་བཅུག་ནིའི་ རེ་བ་བསྐྱེདཔ་ཨིན་པས། ལྟེ་བ་ འདི་ ང་བཅས་རའི་ དགའ་བའི་ རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ལུ་ སྐྱེས་ལོ་༥ འཁོར་བའི་ དུས་སྟོན་དང་འབྲེལ་ བརྩི་སྲུང་འབད་ཡི ། ལྟེ་བ་འདི་ནང་ལུ་ སྔོ་ཤིང་དང་ སྒལ་ཚིགས་མེད་པའི་སྲོག་ཆགས་ཀྱི་དཔེ་ཚད་དང་ ཤིང་གི་དཔེ་ཚད་ སྐྱེ་ལྡན་རིགས་སྣ་ཞིབ་འཚོལ་གྱི་ཅ་ཆས་ མི་རིགས་ཀྱི་སྐྱེ་ལྡན་རིག་པའི་ཅ་ཆས་ སྒྲ་སྐད་ཀྱི་མཐུན་རྐྱེན་ དེ་ལས་ བརྡ་དོན་བཀྲམ་སྟོན་གྱི་ཅ་ཆས་ཚུ་ བཀྲམ་སྟོན་འབད་ནི་ཚུ་ ཚུདཔ་ཨིན་མས།
དེ་མ་ཚད་ འབྲུག་གི་སྐྱེ་ལྡན་རིགས་སྣའི་ཡོངས་འབྲེལ་འཆར་སྒོ་ ( https://biodiversity.bt ) གི་དོན་ལུ་ ལག་ལེན་ལག་དེབ་ཅིག་ཡང་ གསར་བཏོན་འབད་ཡི། ལག་དེབ་འདི་གིས་ སྤྱི་ལོ་༢༠༠༣་ལུ་ འགོ་བཙུགས་མི་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དོན་ལུ་ ཡོངས་འབྲེལ་གྱི་མཛོད་ཁང་ཅིག་ཨིན་མི་ དྲྭ་བ་འདི་ ཐོ་བཀོད་འབད་དེ་ཡོད་མི་ ལག་ལེན་འཐབ་མི་ཚུ་ལུ་ གོ་རིམ་བཞིན་དུ་ ལམ་སྟོན་བྱིན་ནི་ཨིན་མས།

